མེའི་ལང་ཚོ། (གསེར་རྟ།)
རྩྭ་ཐང་ན། བོད་ཀྱི་བུ་མོ་ཚོའི་ལང་ཚོ་སེར་ཆེན་མེ་ཏོག་ལྟར་བཞད་ཀྱི་ཡོད། རྩྭ་ཐང་ན། བོད་ཀྱི་བུ་མོ་ཚོས་སྦྲ་ཁྱིམ་སྨུག་པོར་བཅིངས་པའི་བརྩེ་འདང་ཡོད། དེ་བཞིན། མཐོ་སྒང་གི་ས་ཁུག་ལུང་ཀྱོག་ཀུན་ཏུ་བུ་མོ་ཚོར་རྨི་ལམ་རེ་སྦྲུམ་བཞིན་འཚོ་གིན་ཡོད།
ཡིན་ཡང་། ཅི་ཞིག་ལ་བུ་མོ་ཚོར་རང་གི་དགའ་ཕྱོགས་སྒྲུབ་པར་ཆོག་མཆན་མང་པོ་ཐོབ་དགོས་སོང་བ་རེད། ཅིའི་ཕྱིར་དུ་སྤྱི་ཚོགས་ཁྲོད་ཀྱི་མི་དྲག་གང་རུང་གིས་བུ་མོ་ཚོར་དགའ་ཕྱོགས་དེ་སྒྲུབ་མི་ཆོག་པའི་བཀག་རྒྱ་བཟོ་བ་རེད། སྒྲུང་ཐུང་འདིའི་ནང་གི་མི་སྣ་གཙོ་བོ་བུ་མོ་རང་གཤིས་ཅན་དེར་ཡང་སྐྱ་རྩལ་ཡོད་བཞིན་དུ་ཡུལ་མི་ཚོའི་སེམས་སུ་བུ་མོ་ཞིག་རྟ་རྒྱུག་འགྲན་རྩོད་ལ་ཞུགས་ན་ལྟས་ངན་ཞིག་ཏུ་འདོད་ནས་ཡུན་རིང་ལ་གོ་སྐབས་མ་སྤྲད། དེ་ཡང་ཧ་ལས་རྒྱུ་མི་འདུག་སྟེ། ང་ཚོའི་ཡུལ་ལུང་འདིར་ཡང་། བུ་མོ་ཞིག་གིས་མགོ་འཛིན་བྱེད་པའམ་མཛུབ་ཁྲིད་བྱེད་པ། ཡང་ན་སྐྱེས་པ་ཚོ་དང་མཉམ་དུ་འགྲན་སྡུར་སོགས་གང་རུང་དུ་ཞུགས་ཚེ་དེ་ལ་བཙོག་ལྟ་ལས་ཡག་ལྟ་བྱེད་སྲོལ་མེད། མ་བུ་མོ་ཐམས་ཅད་ངན་པར་བརྩི་ཞིང་དམའ་ས་ཞིག་ཏུ་འཇོག་པ་དེ་བུ་མོ་ཚོ་དེ་འདྲ་ཡིན་སོང་བས་ཡིན་ནམ། ཡང་ན་ང་ཚོའི་བསམ་བློ་གུ་དོག་སོང་བས་ཡིན།
བུ་མོ་རང་གཤིས་ཅན་དེས་རང་གི་དགའ་ཕྱོགས་རྒྱུན་འཁྱོངས་བྱས་པར་བརྟེན། ཆར་རླུང་ཁྲོད་ཀྱི་རྩྭ་ཐང་གི་མེ་ཏོག་རྐང་གཅིག་དང་འདྲ་བར་མཐའ་མར་ཁོ་མོ་ཀུན་གྱིས་བསྟོད་བསྔགས་དང་མཐེ་བོང་སྒྲེང་ས་ཞིག་ཏུ་གྱུར། བུ་མོའི་ལས་དབང་ནི་དངོས་གནས་མེ་ཏོག་ཅིག་གི་ལས་དབང་དང་ཤིན་ཏུ་འདྲའོ་འདོད།
གཏམ་རྒྱུད་དེ་ལས་ཀྱང་བུ་མོའི་ལས་དབང་ལ་སྤྱི་ཚོགས་དང་སྲོལ་རྒྱུན་ཁྲོད་དུ་མཐོང་ཆེན་མེད་པ་གསལ་བོར་བསྟན་འདུག ཡིན་ཡང་ཕུགས་བསམ་གཙང་མ་ཡོད་པའི་བུ་མོ་པདྨ་མཚོས་རྟ་རྒྱུག་ཁྲོད་དུ་དཔའ་རྟགས་བཞག་པས། མཐའ་འཁོར་གྱི་མི་རྣམས་ལ་སྔར་མེད་པའི་མིག་དཔེ་གསར་པ་ཞིག་བཞག་པ་རེད། འདིས་རང་ཅག་བུ་མོ་རྣམས་ལ་ལྟ་བ་གསར་བ་ཞིག་དང་རེ་བ་གསར་བ་ཞིག་བསྐྲུན་པར་ཐེ་ཚོམ་མེད། བུ་མོ་པདྨ་མཚོ་ལྟ་བུ་དགའ་ཕྱོགས་ཡོད་མཁན་དག་གིས་རང་ནུས་ཅི་ལྕོག་གིས་དགའ་ཕྱོགས་བསྲུངས་ན། མངོན་འགྱུར་ཐུབ་པའི་བསླབ་བྱ་གསོན་པོའང་ཤུགས་ནས་བསྟན་ཡོད།
གོ་བདེ་ཞིང་དོན་གསལ་བའི་སྒྲུང་གཏམ་འདི་བཀླགས་རྗེས། སྤྱི་ཚོགས་ཁྲོད་ཀྱི་མི་ཁ་ཅིག་ནི་བུ་མོ་ཚོའི་རྨི་ལམ་གྱི་བཀག་རྡོ་རུ་གྱུར་ཡོད་པ་བདེན་པས་བདར་ཆོག མ་ཟད་འདིས་ཆེ་ས་ནས་སྤྱི་ཚོགས་ཁྲོད་དུ་བུ་མོ་ཚོའི་གོ་སྐབས་འགོག་པ་དང་། ཆུང་ས་ནས་ཁྱིམ་ཚང་དུ་བུ་མོའི་མདུན་ལམ་ལ་འགོག་རྐྱེན་བཟོ་བ་དེ་ནི། བུ་མོ་ཚོའི་འཇོན་ཐང་རྒྱས་པར་མི་སྨན་པ་ཞིག་ཡིན་པའི་གནས་ལུགས་བཙན་པོ་བཤད་འདུག
དེ་བས། བུ་མོ་ཚོའི་གནས་བབ་ལ་ཤ་ཚ་དོན་གཉེར་དང་རྒྱབ་སྐྱོར་དོ་ཁུར་གནང་མཁན་གྱི་རྩོམ་པ་པོ་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུ་འདོད་སྐྱེས་སོང་།
ཕྱི་ལོ༢༠༢༡ལོའི་ཟླ༡༡ཚེས༧ལ